BOOK

NAGCHI (TIBETAN ASTROLOGY ) ནག་རྩིས་སྔོན་འགྲོ།

༄༅། །རྩིས་རིགས་གསལ་བའི་མེ་ལོང་བློ་གསར་དགའ་བསྐྱེད་ཅེས་བྱ་བ་བཞུགས་སོ། །

(TIBETAN BASIC ASTROLOGY )

བཙོ་མ་གསེར་མདོག་ཨུཏྤརྣལ་བསྣམས། །སྣ་ཚོགས་ཐེག་པས་འགྲོ་དོན་མཛད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །མ་ཧཱ་སྲིད་པའི་རུས་སྦལ་འདི། །མགོ་བོ་ལྷོ་བརྟེན་མཇུག་མ་བྱང་། །གློ་གཡས་ཤར་ལ་གློ་གཡོན་ནུབ། །ཡན་ལག་མཚམས་བཞི་རྐྱང་ནས་ནི། །དེ་ལ་སྤར་སྨེ་ལོ་འགྲོས་གསུམ། །འཆད་པའི་རིམ་པ་བསྟན་པ་ནི། ༈ ། ཤར་ཕྱོགས་ཤིང་ལ་ལྷོ་ཕྱོགས་མེ། །ནུབ་ཕྱོགས་ལྕགས་ལ་བྱང་ཕྱོགས་ཆུ། །མཚམས་བཞི་ས་ཡི་ཁམས་ཡིན་ནོ། །༈ ཤིང་མ་ཆུ་ལ་ཆུ་མ་ལྕགས། །ལྕགས་མ་ས་ལ་ས་མ་མེ། །མེ་ཡི་མ་ནི་ཤིང་ཡིན་ནོ། །ཤིང་བུ་མེ་ལ་མེ་བུ་ས། །ས་བུ་ལྕགས་ལ་ལྕགས་བུ་ཆུ། །ཆུ་ཡི་བུ་ནི་ཤིང་ཡིན་ནོ། །༈ ཤིང་དགྲ་ལྕགས་ལ་ལྕགས་དགྲ་མེ། །མེ་དགྲ་ཆུ་ལ་ཆུ་དགྲ་ས། །ས་ཡི་དགྲ་ནི་ཤིང་ཡིན་ནོ། །ཤིང་གྲོགས་ས་ལ་ས་གྲོགས་ཆུ། །ཆུ་གྲོགས་མེ་ལ་མེ་གྲོགས་ལྕགས། །ལྕགས་ཀྱི་གྲོགས་ནི་ཤིང་ཡིན་ནོ། །ཤར་སྟོད་སྟག་ལ་ཤར་སྨད་ཡོས། །ཤར་ལྷོ་འབྲུག་ལ་ལྷོ་སྟོད་སྦྲུལ། །ལྷོ་སྨད་རྟ་ལ་ལྷོ་ནུབ་ལུག །ནུབ་སྟོད་སྤྲེལ་ལ་ནུབ་སྨད་བྱ། །ནུབ་བྱང་ཁྱི་ལ་བྱང་སྟོད་ཕག །བྱང་སྨད་བྱི་བ།ལ་བྱང་ཤར་གླང་།། ༈ གཅིག་སྐོར་༡༣ གཉིས་སྐོར༢༥ གསུམ་སྐོར༣༧ བཞི་སྐོར་༤༩ ལྔ་སྐོར༦༡ དྲུག་སྐོར༧༣ བདུན་སྐོར་༨༥ བརྒྱད་སྐོར༩༧། ༈ དབང་ཐང་ལྡེ་མིག་བསྟན་པ་འདི། །གནམ་ལོ་ཕོ་ལོ་ཤར་བའི་ཚེ། །གཅིག་བཅུ་རང་ལ་གཉིས་གསུམ་མ། །བཞི་ལྔ་དགྲ་ལ་དྲུག་བདུན་གྲོགས། །བརྒྱད་དགུ་བུ་རུ་ཤེས་པར་བྱ། །༈ དེ་བཞིན་མོ་ལོ་དྲུག་ཤར་ཚེ། །གཅིག་གཉིས་རང་ལ་གསུམ་བཞི་མ། །ལྔ་དྲུག་དགྲ་ལ་བདུན་བརྒྱད་གྲོགས། །དགུ་བཅུ་བུ་རུ་ཤེས་པར་བྱ། ། ༈ ལུས་ཀྱི་ལྡེ་མིག་བསྟན་པ་ནི། །སྟག་ཡོས་བྱ་སྤྲེལ་ཁམས་ལས་བརྩི། །ཁྱི་འབྲུག་ཕག་སྦྲུལ་དྭ་ལས་བརྩི། །གླང་ལུག་རྟ་བྱི་ཟིན་ལས་བརྩི། །ལྕགས་ཆུ་མེ་ས་ཤིང་དུ་བགྲང་། །༈ སྲོག་གི་གནས་ཕྱོགས་འབྱུང་བ་འདི། །སྟག་ཡོས་སྲོག་ཤིང་རྟ་སྦྲུལ་མེ། །བྱ་སྤྲེལ་ལྕགས་ལ་བྱི་ཕག་ཆུ། །གླང་ལུག་ཁྱི་འབྲུག་བཞི་པོ་ས། །བླ་ནི་སྲོག་གི་མ་རུ་བཤད།། ༈ རླུང་རྟའི་ལྡེ་མིག་བསྟན་པ་ནི། །སྟག་རྟ་ཁྱི་གསུམ་རླུང་སྤྲེལ་ལྕགས། །ཕག་ལུག་ཡོས་གསུམ་རླུང་སྦྲུལ་མེ། །བྱི་འབྲུག་སྤྲེལ་གསུམ་རླུང་སྟག་ཤིང་། །བྱ་གླང་སྦྲུལ་གསུམ་རླུང་ཕག་ཆུ། །༈ སྨེ་བའི་བྱ་ཕུར་བསྟན་པ་ནི། །དབུས་ནི་གནམ་ལྕགས་རི་བོ་དང་། །མེ་ཆུ་ས་ཤིང་རླུང་ནས་དབུས། །དེ་ཡང་གཅིག་དཀར་གཉིས་ནག་དང་། །གསུམ་མཐིང་བཞི་ལྗང་ལྔ་སེར་དང་། །དྲུག་དཀར་བདུན་དམར་བརྒྱད་དཀར་དང་། །དགུ་དམར་སྨེ་བའི་ཁམས་ཡིན་ནོ། ༈ །ལོག་མན་བརྩི་སྟངས་བསྟན་པ་ནི། །སྐྱེས་པ་སྟག་ནས་ཐུར་སྦུབས་ཏེ། །བུ་དེད་རིམ་པ་བཞིན་དུ་བརྩི། །ཟ་མ་གྱེན་བགྲང་སྤྲེལ་ནས་བརྩི། །མ་དེད་རིམ་པ་བཞིན་དུ་བྱ། །༈ སྤར་ཁའི་རིམ་པ་བསྟན་པ་ནི། །ལི་མེ་ཁོན་ས་དྭ་ལྕགས་དང་། །ཁེན་གནམ་ཁམ་ཆུ་གིན་རི་དང་། །ཟིན་ཤིང་ཟོན་རླུང་སྤར་ཁ་བརྒྱད། །སྐྱེས་པ་ལི་ནས་ཁོན་དུ་བསྐོར། །བུད་མེད་ཁམ་ནས་ཁེན་ལ་བསྐོར། ༈ །བྱི་སྟག་འབྲུག་རྟ་སྤྲེལ་ཁྱི་ཕོ། །ཕོ་ལོ་བརྒྱད་དཀར་ཕྱོགས་སུ་བསྐོར། །གླང་ཡོས་སྦྲུལ་ལུག་བྱ་ཕག་མོ། །མོ་ལོ་བཞི་ལྗང་ཕྱོགས་སུ་བསྐོར། །གཅིག་བཅུ་བཅུ་དགུ་ཉི་ཤུ་བརྒྱད། །སུམ་ཅུ་བདུན་དང་བཞི་བཅུ་དྲུག །ལྔ་བཅུ་ལྔ་དང་དྲུག་ཅུ་བཞི། །བདུན་ཅུ་གསུམ་དང་བརྒྱད་ཅུ་གཉིས། །གོ་གཅིག་རྣམས་ལ་དབུས་སུ་ཚོགས། །གཅིག་དཀར་དྲུག་དཀར་བརྒྱད་དཀར་ལྕགས། །གཉིས་ནག་གསུམ་མཐིང་ཆུ་ཡིན་ལ། །བཞི་ལྗང་ཤིང་ལ་ལྔ་སེར་ས། །བདུན་དམར་དགུ་དམར་མེ་ཡིན་ནོ། ༈ །དར་རྒུད་བཅུ་གཉིས་རིམ་པ་ནི། །ལྕགས་དབུགས་དཔྱིད་ར་སྟག་ནས་ལེན། །ས་ཆུ་དབྱར་ར་སྦྲུལ་ནས་བརྩམ། །ཤིང་དབུགས་སྟོན་ར་སྤྲེལ་ནས་ལེན། །མེ་དབུགས་དགུན་ར་ཕག་ནས་ལེན། །དབུགས་ལེན་མངལ་གནས་ལུས་རྫོགས་དང་། །བཅོས་པ་ཁྲུས་བྱེད་གོས་གྱོན་དང་། །ལས་བྱེད་དར་བ་རྒུད་པ་དང་། །ན་བ་ཤི་བ་དུར་ཞུགས་སོ། །ལས་བྱེད་དར་བ་བཟང་པོའི་རབ། །ཁྲུས་བྱེད་གོས་གྱོན་བཟང་པོའི་འབྲིང་། །ལུས་རྫོགས་བཙས་པ་བཟང་པོའི་ཐ། །དབུགས་ལེན་མངལ་གནས་ངན་པའི་རབ། །རྒུད་པ་ན་བ་ངན་པའི་འབྲིང་། །ཤི་བ་དུར་ཞུགས་ངན་པའི་ཐ། ༈ །སྲོག་གནམ་ལོའི་སྟེང་ནས་རྩིས། ལུས་ཟླ་བའི་སྟེང་། དབང་ཐང་ཞག་གི་སྟེང་། རླུང་དུས་ཚོད་སྟེང་། བླ་གནམ་ལོའི་སྟེང་ནས་བརྩི། ༈ ལོ་དང་ཟླ་བ་སྦྲགས་མ་སྟེ། །ཞག་དང་ཟ་མ་རྐྱང་པའོ། །གནམ་ལོ་མ་ལ་ཟླ་བ་བུ། །ཟླ་བ་མ་ལ་ཞག་ནས་བུ། །ཞག་ནས་མ་ལ་དུས་ཚོད་བུ། །ཟླ་བའི་ཐོག་མ་སྟག་ནས་བརྩི། །ཞག་ནས་ཕོ་ཟླ་སྟག་ནས་བརྩི། །དུས་ཚོད་ཐོག་མ་ནམ་ལངས་ཡོས། ༈ །དུས་ཚོད་ནམ་ལངས་ཡོས་དང་ཉི་ཤར་འབྲུག །ཉི་དྲོ་སྦྲུལ་དང་ཉི་ཕྱེད་རྟ། །ཕྱེད་ཡོལ་ལུག་དང་ཉིད་མྱུར་སྤྲེལ། །ཉི་ནུབ་བྱ་དང་ས་སྲོད་ཁྱི། །སྲོད་འཁོར་ཕག་དང་ནམ་ཕྱེད་བྱི། །ཕྱི་ཡོལ་གླང་དང་ཐོ་རངས་སྟག ༈ །ཉི་མ་མིག་དམར་མེ་ཡི་ཁམས། །ཟླ་བ་ལྷག་པ་ཆུ་ཡི་ཁམས། །ཕུར་བུ་རླུང་ཤིང་སྤ་སངས་ལྕགས། །སྤེན་པ་ས་ཡི་ཁམས་ཡིན་ནོ། ༈ །གཉིས་གསུམ་བཞི་ལྔ་དྲུག་བདུན་ཤར་གྱི་ཤིང་སྐར། བརྒྱད་མཚམས་ཀྱི་ས་སྐར། དགུ་བཅུ་བཅུ་གཅིག་བཅུ་གཉིས་བཅུ་གསུམ་བཅུ་བཞི་ལྷོ་ཡི་མེ་སྐར། བཅོ་ལྔ་མཚམས་ཀྱི་ས་སྐར། བཅུ་དྲུག་བཅུ་བདུན་བཅོ་བརྒྱད་བཅུ་དགུ་ཉི་ཤུ་ཉེར་གཅིག་ནུབ་ཀྱི་ལྕགས་སྐར། ཉེར་གཅིག་མཚམས་ཀྱི་ས་སྐར། ཉེར་གཉིས་ཉེར་གསུམ་ཉེར་བཞི་ཉེར་ལྔ་ཉེར་དྲུག་ཐིག་བྱང་གི་ཆུ་སྐར། གཅིག་མཚམས་ཀྱི་ས་སྐར། ༈ སྨིན་དྲུག་རྒྱལ་དང་མཆུ་དང་གྲེ། །ས་ག་འཁྲུམས་སྟོད་བྲ་ཉེ་མེ། །སྣར་མ་ལྷ་མཚམས་སྣྲོན་ཆུ་སྨད། །གྲོ་བཞིན་བྱི་བཞིན་མོན་གྲུ་ས། །མགོ་དང་ནབས་སོ་དབོ་མེ་བཞི། །ནག་པ་ས་རི་ཐ་སྐར་རླུང་། །ལག་སྐག་སྣྲོབ་དང་ཆུ་སྟོད་དང་། །མོན་དྲེ་ཁྲུམས་སྨད་ནམ་གྲུ་ཆུ། །བླ་གཟའ་བརྩི་ཐབས། དེ་ཡང་ཨ་པང་བླ་མ་སྟོབས་ལྡན་རྡོ་རྗེ་ལ་མགོ་ལོག་སྨན་རྩིས་སྟག་བླ་ནོར་བུས་གདམས་པའི་རྩིས་ཕྲན་ཐོར་བུ་ཉེར་མཁོའི་ཟ་མ་ཏོག་ཅེས་པ་ལས། བླ་གཟའ་བརྩི་ཐབས་སོར་མོའི་འཕྲུལ་འདེགས་ནི། རླུང་གནམ་མེ་ཆུ་ཤིང་ལྕགས་ས་རི་ལ། །ཉི་ཟླ་དམར་ལྷག་ཕུར་སངས་སངས་སྤེན་བཀོད། །གྲོགས་གཟའ་སྲོག་ལ་དགྲ་གཟའ་གཤེད་གཟའ་ངེས། །མཚམས་བཞི་ལྷག་་སྲོག་ཕུར་བུ་གཤེད་གཟའ་འོ། །ཁྱད་པར་ལུག་གི་སྲོག་གཟའ་ཟླ་བ་ཡིན། །ཞེས་གསུངས་པའི་དོན་ནི། རླུང་ནི་སྤར་ཁ་ཟོན་རླུང་གི་གདན་ས་འབྲུག་ལོ་བའི་བླ་གཟའ་ཡིན་པ་དང་། དེ་བཞིན་དུ་ཁེན་གནམ་ཁྱི་ལོ་བའི་བླ་གཟའ་ཟླ་བ། ལི་མེ་རྟ་སྦྲུལ་ལོ་བའི་བླ་གཟའ་མིག་དམར། ཁམ་ཆུ་བྱི་ཕག་ལོ་བའི་བླ་གཟའ་ལྷག་པ། ཙིན་ཤིང་སྟག་ཡོས་ལོ་བའི་བླ་གཟའ་ཕུར་བུ། དྭ་ལྕགས་བྱ་སྤྲེལ་ལོ་བའི་བླ་གཟའ་པ་སངས། ཁོན་ས་ལུག་ལོ་བའི་བླ་གཟའ་པ་སངས་གིན་རི་གླང་ལོ་བའི་བླ་གཟའ་སྤེན་པའོ། །བླ་གཟའ་དེའི་སྲོག་ཁམས་སྲོག་གཟའ་དང་། དགྲ་ཁམས་གཤེད་གཟའ་ཡིན་པ་ནི། དཔེར་ན་རྟ་སྦྲུལ་ལོ་བའི་བླ་གཟའ་མིག་དམར་མེ་ཁམས་ཡིན་ཏེ་མེ་གྲོགས་ལྕགས་ཡིན་པས་སྲོག་གཟའ་པ་སངས་དང་། མེ་དགྲ་ཆུ་ཡིན་པས་གཤེད་གཟའ་ལྷག་པ་ལྟ་བུའོ། །མཚམས་བཞིའི་སྲོག་གཟའ་ས་གྲོགས་ཆུ་ཡིན་པའི་གནད་ཀྱིས་ལྷག་པ་ཡིན་རུང་ལུག་ལོ་བའི་སྲོག་གཟའ་ཟླ་བ་ཡིན་པ་དམིགས་བསལ་ལོ། ། ལོ་རྟགས། བླ་གཟའ། སྲོག་གཟའ། གཤེད་གཟའ། བྱི་བ། གླང་། སྟག། ཡོས། འབྲུག། སྦྲུལ། རྟ། ལུག། སྤྲེལ། བྱ། ཁྱི། ཕག། ཉི་མ། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ།

རླུང་རྟའི་དར་མདོག། མི་རང་གི་ལོ་འབྱུང་དང་མཐུན་པའི་རླུང་རྟའི་ཁ་དོག་ལ་རྒྱལ་མཚན་རྩེ་མོ་སོགས་རླུང་རྟ་བསྐྱེད་པའི་མདོ་གཟུངས་ཕྱར་ན་ལས་དང་བྱ་བ་ལམ་དུ་འགྲོ་བར་ནུས་མཐུ་ལྷག་པར་ཆེ་བ་དང་། ལོ་འབྱུང་གི་ཁམས་ཀྱི་དགྲ་མདོག་ཕྱར་ན་མི་འཕྲོད་པ་སོགས་བླང་དོར་བྱེད་པ་གལ་ཆེ་བར་གསུངས་པས། དེ་དག་ནི། སྤྱིར་རང་གི་རླུང་རྟའི་ཁམས་གཙོ་བོ་བྱེད་པ་དང་། ཁམས་དེའི་མ་ཁམས་གཙོ་བོ་བྱེད་པའི་ལུགས་གཉིས་ཡོད་ཀྱང་། འདིར་སྟག་བླ་ནོར་བུ་དང་། ཞང་སྟོན་བསྟན་པ་རྒྱ་མཚོ་སོགས་ཀྱི་གཙུག་ལག་དང་། རླུང་རྟའི་ཀྭ་འཛུགས་ཀྱི་དགོངས་པ་ལྟར་ན་ཁམས་ཉིད་གཙོ་བོ་བྱེད་དོ། །བྱ་གླང་སྦྲུལ་གསུམ་ལོ་པའི་སྔོན་པོ་བཟང་ཞིང་སེར་པོ་དགྲ་མདོག་ཡིན་པས་སྤངས། སྟག་རྟ་ཁྱི་གསུམ་ལོ་པའི་དཀར་པོ་བཟང་ལ་དམར་པོ་མི་རུང་། ཕག་ལུག་ཡོས་གསུམ་ལོ་པའི་དམར་པོ་བཟང་ལ་སྔོན་པོ་མི་རུང་། བྱི་འབྲུག་སྤྲེལ་གསུམ་ལོ་པའི་ལྗང་གུ་བཟང་ལ་དཀར་པོ་མི་རུང་ངོ་། །འདིར་མ་སྨོས་པའི་མདོག་གཞན་རྣམས་ཀྱང་མི་རུང་བ་མ་ཡིན་ནོ། །དར་གྱི་མཐའ་ཕྱམ་གྲོགས་མདོག་༼གཞན་ཐམས་ཅད་རང་གི་གྲོགས་སུ་འགྱུར་བའི་དོན་༽དང་དར་ལྕེ་དགྲ་མདོག་བྱེད་པའམ་ཡང་ན་དར་ལྕེ་ཁ་དོག་སྣ་ལྔ་བྱེད་ན་རང་རང་གི་རླུང་རྟའི་མདོག་དེ་སྟེང་མ་བྱས་ནས་མས་རིམ་དུ་དགྲ་དེེད་ཀྱིས་མདོག་༼དགྲ་འོག་ཏུ་ཡོད་པས་མར་མི་ལྷུར་བའི་དོན༽བྱ། ཡང་དར་ཁྲ་བྱེད་ན་ཡས་ནས་མས་རིམ་དུ་གནམ་སྔོ། སྤྲིན་དཀར། བར་སྣང་དམར། ཆུ་ལྗང་། ས་སེར། ཞེས་པ་ལྟར་དང་། ཡང་དར་ལྕེ་སྤྱི་ཁྱབ་ཏུ་གནམ་སྔོ། བར་དམར། ས་སེར་ཞེས་པ་ལྟར་རོ། །
ཡང་དར་ལུང་འདོགས་ཚུལ་ལ་གྱེན་དུ་ཕྱར་དགོས་པའི་དར་གྱི་རིགས་རྣམས་ནི་ངེས་པར་ཨོཾ་འདོགས་བྱེད་པ་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་། འཇམ་མགོན་མི་ཕམ་པས་བཞེད་ཅིང་། གཞན་ཕྲེད་ལ་འདོགས་པའི་རིགས་རྣམས་ཨོཾ་འདོགས་དང་ཧྲཱིཿའདོགས་ཁྱད་པར་མེད་ཚུལ་དམ་པ་དུས་མས་གསུངས་སོ། །རླུང་རྟ་བསྐྱེད་པའི་རིགས་དང་ནད་པ་སོགས་ཀྱི་རིམ་གྲོའི་དར་ལྕོག་ནི་རང་རང་གི་ལོ་ལྷའི་ཕྱོགས་སུ་འཐེན་དགོས་ཏེ། དཔེར་ན་སྟག་ཡོས་ལོ་པ་ཡིན་ན་ཤར་ཕྱོགས་སུ་འཐེན། དེ་བཞིན་དུ་རྟ་སྦྲུལ་ལ་ལྷོ་ཕྱོགས། བྱ་སྤྲེལ་ལ་ནུབ་ཕྱོགས། བྱི་ཕག་ལ་བྱང་ཕྱོགས། འབྲུག་ལ་ཤར་ལྷོ། ལུག་ལ་ལྷོ་ནུབ། ཁྱི་ལ་ནུབ་བྱང་། གླང་ལ་བྱང་ཤར་དུ་འཐེན་པའམ་འཛུགས་དགོས་སོ། །གཞན་ཡང་ཞི་རྒྱས་དབང་དྲག་གི་ལས་རང་རང་གི་འཛུགས་ཚུལ་སོགས་ཡོད་ཀྱང་འདིར་མ་བྲིས་སོ། །

༈ ཀེག་རྩིས་ཀྱི་གོ་དོན། དེང་སྐབས་བོད་ལྗོངས་སོགས་ནས་ལོ་ཐོ་པར་བསྐྲུན་བྱས་པའི་ནང་དུ་བརྩི་བྱ་རྣམས་རེའུ་མིག་བཀོད་དེ་གནམ་ལོ་དང་འཐབ་པའི་འབྲས་བུ་རྡེལ་དཀར་རྡེལ་ནག་བྲིས་པ་དང་སྤར་ཁ་སྨེ་བ་སོགས་ཀེག་རྩིས་མདོ་ཙམ་བྱས་པ་རྣམས་ལ་གསལ་བཤད་ཅུང་ཟད་བྱེད་པར་བྱ་སྟེ། ༡ སྐྱེས་སྨེ་ཞེས་པ་ནི་རང་རང་སྐྱེས་པའི་ལོ་དེར་གནམ་ལོའི་སྨེ་བ་གང་ཡིན་དེ་ཉིད་རང་གི་སྐྱེས་སྨེར་གྱུར་བ་ཡིན། ༢ མེ་སྟག་དང་། མེ་ཡོས། མེ་འབྲུག། མེ་སྦྲུལ། མེ་རྟ། མེ་ལུག། མེ་སྤྲེལ། མེ་བྱ་རྣམས་ནི་མེ་བརྒྱད་ཚ་བ་བསྲེག་པ་ཞེས་ཟེར་བ་དང་། ལྕགས་ཁྱི། ལྕགས་ཕག། ལྕགས་བྱི། ལྕགས་གླང་བཞི་ནི་ལྕགས་བཞི་ཁ་བརྡར་བ་ཞེས་ངན་པ་ཡིན་པས་འདི་དག་བསྲུང་འཁོར་གྱིས་བཅོས་དགོས། ༣ སྲོག་རྡེལ་ནག་པོ་འདི་དང་འདི་ཁྲབས་ན་སྲོག་ལ་ངན་པས་ཚེ་བསྲིང་བའི་རིམ་གྲོ་བྱ། ལྷག་པར་ནད་པ་ལ་ངན། ལུས་རྡེལ་ནག་པོ་གོང་བཞིན་བབས་ན་ལུས་ལ་ན་ངོ་དང་དཀའ་ཚེགས་ཀྱི་ངོ་ཡིན་པས་ཚོགས་བསགས་ལ་འབད། དབང་རྡེལ་ནག་པོའི་རིགས་གཉིས་གང་བབས་ནོར་ལོངས་སྤྱོད་ལ་གོད་ཁ་གང་སྟོང་གི་ངོ་ཡིན་པས་ནོར་སྒྲུབ་ཀྱི་རིགས་བྱེད། ཀླུང་རྡེལ་ནག་པོའི་རིགས་གཉིས་གང་བབས་མི་ཁ་དགྲ་ངོ་དང་ལྷ་འཁྲུགས་ཀྱི་ལྟས་ཡིན་པས་དེའི་གཏོ་བཅོས་བྱ། བླ་རྡེལ་ནག་པོ་བབས་ན་དུར་ངོ་ཡིན་པས་བཟློག་བསྒྱུར་གྱི་རིགས་རྣམས་བྱ། དེ་དག་གང་ལ་ཡང་ནག་པོ་གཅིག་བབས་ན་ངན་ཞིང་གཉིས་བབས་ན་དེ་བས་ཀྱང་རྩུབ་བོ། །ལོག་མན་ལ་བྱེ་བྲལ་དང་། ཕུང་འགྱོད་སོགས་ནང་གསེས་མང་དུ་ཡོད་ཀྱང་རྩིས་མཁན་མ་གཏོགས་ཕལ་བས་བརྩི་མི་ཤེས་མོད། འོན་ཀྱང་གཙོ་བོ་ས་སྒོ་དང་གནམ་སྒོ་ཕྱེས་ན་ངན་པས། དེ་ནི་ཕོ་ཡི་ལོག་མན་ཁྱི་ལ་བབས་ན་གནམ་སྒོ་དང་། ཕག་ལ་ས་སྒོ། མོའི་ལོག་མན་འབྲུག་ལ་བབས་ན་གནམ་སྒོ་དང་། སྦྲུལ་ལ་ས་སྒོ་ཕྱེ་བ་ཡིན། དེ་དག་ལ་ས་སྒོ་བཅད་པ་དང་གནམ་སྒོ་བཅད་པའི་མདོས་འཕེན་དགོས་སོ།།
སྤར་ཁ་བརྒྱད་ཀྱི་རྩུབ་ཀེག་ནི། སྤར་ཁ་ཟིན་ཐོག་ཏུ་གྲི་ཚང་ཆུང་བ། སྤར་ཁ་དྭ་ཐོག་ཏུ་གྲི་ཚང་ཆེ་བ་ཡིན་པས་གྲི་ངོ་མཚོན་ངོ་དང་རྨ་སྐྲངས་ཁྲག་ངོ་ཡོད་པས་ལོ་དེར་ཉེན་ཆེ་བའི་རིགས་ལ་འཛེམ་ཤིང་གྲི་ཁ་མཚོན་བསྒྱུར་གྱི་མདོས་གཏོང་། སྤར་ཁ་ཟོན་ལ་རླུང་སྒོ་བཅད་པའི་མདོས་དང་། ཟོན་བ་དན་ཁྲ་བོ་བཤམས། བརྒྱད་སྟོང་པ་འདོན། སྤར་ཁ་ཁོན་ལ་ས་སྒོ་བཅད། ཁེན་ལ་གནམ་སྒོ་བཅད། ཁྱིམ་དེའི་གཟའ་ཟླའམ་མིང་སྲིང་སོགས་ཕོ་མོ་གཉིས་ཀ་སྤར་ཁ་གཅིག་གི་སྟེང་དུ་ཡོད་ན་སྤར་ཁའི་ཟམ་བཅོས་བྱ། ཕོ་མོ་སུ་ཡིན་ཡང་ལོ༩དང་༡༨ ༢༧ ༣༦ ༤༥ ༥༤ ༦༣ ༧༢ ༨༡ རྣམས་ནི་རྐྱང་ངའི་དགུ་མིག་ཟེར་བ་དང་། ཕོ་སྤར་ཁ་ལི་ཐོག་ཏུ་ཕྱིན་པ་དང་མོ་སྤར་ཁ་ཁམ་ཐོག་ཏུ་ཕྱིན་པ་ནི་སྤར་ཁའི་དགུ་མིག་ཟེར་བ་དང་། གནམ་ལོའི་སྨེ་བ་དང་རང་གི་སྨེ་བ་གཅིག་ཏུ་བབས་ཚེ་སྨེ་བའི་དགུ་མིག་ཡིན། འདི་དག་གི་རྟགས་ནི། སྟེང་འོག་དགུ་དུར་རྡེལ་ཞེས་པའི་རེ་མིག་གི་སྟེང་མའི་རྡེལ་ཕྲེང་དེ་ཡིན་པས་རྡེལ་ནག་པོ་བབས་ཚེ་དགུ་མིག་གང་རུང་གིས་རྩུབ་ལ། དེར་དགུ་མིག་བཅོས་པའི་གཏོ་བྱ་དགོས་སོ།

༈ དར་རྒུད་བཅུ་གཉིས་ལས་དུར་ཞུགས་སུ་བབས་ན་དུར་ངོ་ཡིན་ཞིང་། དེ་ལ་ལོའི་དུར་ཞུགས་དང་། སྤར་ཁའི་དུར་ཞུགས་གཉིས། རང་དུར་ཆེ་ཆུང་དང་། གཤེད་དུར་ཆེ་ཆུང་གཉིས་བཅས་ཡོད། ལོའི་དུར་ཞུགས་དང་། སྤར་ཁའི་དུར་ཞུགས་གཤེད་དུར་རྣམས་ཕྱི་མ་ཕྱི་མ་གནོད་ཚབས་ཆེ་བས་རིམ་གྲོ་རྒྱ་ཆེར་བསྒྲུབ། དེ་ནི་འོག་མའི་རྡེལ་ཕྲེང་ནང་དུརྣའདི་བྲིས་ཡོད་ན་དུར་ཞུགས་ཡིན། བདུན་ཟུར་དང་བཞི་གཤེད་ཀྱི་རྩུབ་ཀེག་ནི་རང་ལོ་དང་གནམ་ལོ་གཉིས་ཕན་ཚུན་སྟག་སྤྲེལ་གཉིས་དང་བྱ་ཡོས་གཉིས། ཁྱི་འབྲུག་གཉིས། ཕག་སྦྲུལ་གཉིས། བྱི་རྟ་གཉིས། གླང་ལུག་གཉིས་བཅས་དེ་རྣམས་བདུན་ཟུར་རམ་ལོ་བདུད་ཅེས་བཤད་དོ། །དེ་དག་གི་བཅོས་ནི་གཤེད་མདོས་དང་། བདུན་ཟུར་བཅོས་པའི་སྲུང་འཁོར་ཡིན། བཞི་གཤེད་ནི་རང་ལོའི་ཡར་གྱི་བཞི་བ་དང་མར་གྱི་བཞི་བ་གནམ་ལོ་ཤར་དུས་ཡིན། དེའི་རེའུ་མིག་འདི་ལྟར། བདུན་ཟུར་དང་བཞི་གཤེད་ལ་ཁེལ་ན་འབུམ་དག་ཚར་དང་། བརྒྱད་སྟོང་བ་སོགས་གསུང་རབ་ཟབ་མོ་བསྒྲགས་ཞེས་གསུངས་སོ། །ཡང་མདོས་གླུད་སོགས་ལོ་བདུད་ཕྱོགས་སུ་འཕེན། ཞེས་ཟེར་བའང་བདུན་ཟུར་གྱི་ཕྱོགས་སུ་འཕེན་དགོས་ཏེ། དཔེར་ན་སྟག་ཡོས་ལོ་བས་ནུབ་ཕྱོགས་སུ་འཕེན་པ་དང་། དེ་བཞིན་དུ་རྟ་སྦྲུལ་ལོ་བས་བྱང་ཕྱོགས་སུ་དང་། བྱ་སྤྲེལ་ལོ་བས་ཤར་ཕྱོགས་སུ། བྱི་ཕག་ལོ་བས་ལྷོ་ཕྱོགས་སུ། འབྲུག་ལོས་ནུབ་བྱང་། ལུག་ལོས་བྱང་ཤར། ཁྱི་ལོས་ཤར་ལྷོར། གླང་ལོས་ལྷོ་ནུབ་ཏུ་འཕེན་དགོས་སོ། །འདི་དག་ནི་ལོ་བདུད་ཀྱི་ཕྱོགས་ཏེ་གཞན་དུ་འདྲེ་ལྔ་བདུད་གཅོད་ཕྱོགས་སུ་འཕེན་དགོས་པ་རྣམས་སྤར་ཁའི་ཕྱོགས་གཙང་ལྟར་ཡིན་པས་དེ་དག་གོང་དུ་བཀོད་པ་ལས་ཤེས་སོ། །

རང་ཀེག་ཞེས་པ་ནི་གནམ་ལོ་རང་གི་ལོ་རྟ་གཉིས་ཀ་གཅིག་ཏུ་སོང་བའི་རང་ལོའི་ཐོག་ཅེས་པ་དེ་ཡང་རྩུབ་ཀེག་ཡིན། གཞན་ཡང་མཐུན་གསུམ་གྱི་ཀེག་དང་། དྲུག་འདྲེས་ཀྱི་ཀེག་སོགས་ཡོད་ཀྱང་གཙོ་ཆེ་བ་དེ་རྣམས་ཡིན་ནོ། །༈ དུར་མིག། དུར་སྒོའམ་དུར་མིག་ཞེས་པ་ནི། བརྩི་བྱའི་སྲོག་ལུས་དབང་ཀླུང་བླ་དང་ལྔ་བོ་དར་རྒུད་བཅུ་གཉིས་བསྐོར་ནས་བརྩི་ཚུལ་རྒྱས་པ་དང་། དེ་ལས་བསྡུ་ན་སྲོག་ཁམས་ཁོ་ན་བརྩིས་པའི་དུར་ཞུགས་ལ་བབས་པའི་ལོ་དེར་རྩུབ་པ་ཡིན། དེ་ནི་གོ་བདེ་བར་བརྗོད་ན། སྟག་ཡོས་ལོ་བ་ལུག་གི་ལོ་དང་། རྟ་སྦྲུལ་ལོ་བ་ཁྱིའི་ལོ། བྱ་སྤྲེལ་ལོ་བ་གླང་གི་ལོ། བྱི་ཕག་ཁྱི་འབྲུག་གླང་ལུག་ལོ་བ་རྣམས་འབྲུག་གི་ལོ་ནམ་ཤར་ལ་དུར་མིག་ཡིན་པས་དུར་སྒོ་བཅད་པའི་གཏོ་བྱ།

དེ་ནི་ལོའི་དུར་མིག་གོ། ཡང་སྤར་ཁའི་དུར་མིག་ནི། སྟག་ཡོས་ལོ་བ་སྤར་ཁ་ཁོན་ལ་བབས་པ་དང་། རྟ་སྦྲུལ་ཁེན་ལ་བབས་པ། བྱ་སྤྲེལ་གིན་ལ་བབས་པ། བྱི་ཕག་ཁྱི་འབྲུག་གླང་ལུག་རྣམས་ཟོན་ལ་བབས་ཚེ་སྤར་ཁའི་དུར་ཞུགས་ཡིན། ༈ ཁྱད་པར་དུ་ལོའི་དགུ་མིག་དང་སྤར་ཁའི་དུར་མིག་གཉིས་ཀ་ལྷན་དུ་བབས་པ་ལ་དུར་འདོམ་ཞེས་ངན་པ་ཡིན་པས་དེ་ནི་རེའུ་མིག་འདི་ལྟར་རོ། །༈ ཡང་ལོའི་དགུ་མིག་དང་སྤར་ཁ་སྲོག་གི་གཤེད་དུ་བབས་པ་གཉིས་ལྷན་དུ་འཛོམས་པ་ལ་དགྲ་འདོམ་ཞེས་བྱ་སྟེ། འདི་ནི་གསང་བའི་རྩུབ་ཀེག་ཡིན་ཡང་རྩིས་མཁན་རྣམས་ཀྱིས་ཆེད་དུ་མ་དཔྱད་ན་མི་ཚོར་བས་འདིར་རེའུ་མིག་ཏུ་འགོད་དོ།།

༈ རང་དུར་དང་གཤེད་དུར། རང་དུར་ནི་བརྩི་བྱ་རང་གི་འབྱུང་ཁམས་དང་གཅིག་པའི་དུར་ལོ་གནམ་ལོར་ཤར་བ་དང་། གཤེད་རུར་ནི་རང་གི་འབྱུང་ཁམས་ཀྱི་དགྲར་གྱུར་བའི་དུར་ལོ་གནམ་ལོར་ཤར་བའོ། །དེ་ལ་ཡང་ཆེ་ཆུང་གཉིས་རེ་སྟེ། ཆེ་བ་དུར་ལོ་དེ་ཉིད་དང་། ཆུང་བ་དུར་ལོ་དེའི་བདུན་ཟུར་གྱི་ལོ་དེའོ། །དཔེར་ན་ཤིང་གི་སྟག་ཡོས་ལོ་བའི་རང་དུར་ཆེ་བ་ཤིང་ལུག་དང་། ཆུང་བ་ཤིང་གླང་། གཤེད་དུར་ཆེ་བ་ལྕགས་ལུག་དང་། ཆུང་བ་ལྕགས་གླང་ལྟ་བུ་སྟེ། དེའི་རེའུ་མིག་འོག་ཏུ་གསལ་ལོ། །

NAGCHI

                                                                        DOWNLOAD

Verified by MonsterInsights